全县各族同胞、父老乡亲们:
རྫོང་ཡོངས་ཀྱི་མི་རིགས་ཁག་གི་སྤུན་ཟླ་དང་ཡུལ་མི་སྤུན་མཆེད་རྣམ་པ།
ང་ནི་སོག་རྫོང་རྫོང་ཨུད་ཧྲུའུ་ཅི་གཞོན་པ། སྲིད་གཞུང་གི་རྫོང་དཔོན་ངག་དབང་ཚེ་རིང་ཡིན། བོད་ཤིང་སྦྲུལ་ལོའི་ལོ་གསར་སླེབས་གྲབས་ཡོད་པའི་མཚམས་འདིར། ངས་སོག་རྫོང་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས། རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་དང་སོག་རྫོང་འཕེལ་རྒྱས་ཆེད་དུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་ལས་རིགས་ཁག་གི་གྲོགས་པོ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུ་རྒྱུ་ཡིན། ལྷན་རྒྱས་ལོ་གསར་ལ་བཀྲ་ཤིས་བདེ་ལེགས།
འདས་ཟིན་པའི་ལོ་འདིའི་ནང་། ང་ཚོས་ལག་གདང་དཔུང་སྒྲིལ་དང་མཐུན་སྒྲིལ་ཡར་བརྩོན་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་སོག་རྫོང་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་གཏོད་ནས། ཞིང་འབྲོག་ལས་ལ་འབབ་འཕར་བརྟན་པོ་བྱུང་བ་དང་། ཁྱད་ལྡན་ཐོན་ལས་རྒྱུན་མཐུད་སྟོབས་ཆེར་ཕྱིན་པ། གྲོང་གསེབ་དར་རྒྱས་ཀྱི་འབོད་སྒྲ་གང་སར་ཁྱབ་པ། དམངས་འཚོའི་ལས་གྲྭར་སྐུལ་འདེད་ཏན་ཏིག་བཏང་བ། སློབ་གསོ་དང་སྨན་བཅོས་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ལེགས་སུ་ཕྱིན་པ། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་གཡུར་གཟའི་གྲུབ་འབྲས་ཐོབ་པ། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་བ་བཅས་ལས་གང་སར་མཐུན་སྒྲིལ་འབད་འཐབ་དང་བདེ་འཁོད་ལས་བརྩོན་གྱི་བདེ་སྐྱིད་རྣམ་པས་ཁེངས་ཡོད། གྲུབ་འབྲས་དེ་དག་ནི་སོག་རྫོང་མི་དམངས་ཡོངས་ཀྱི་བློ་གྲོས་དང་རྔུལ་ཆུར་བརྟེན་ནས་བྱུང་བ་ཞིག་ཡིན་པས། འདི་གར་ངས་ལྷན་རྒྱས་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལོ་གསར་པ་འདི་ནི། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། སོག་རྫོང་གིས་གོ་སྐབས་དམ་འཛིན་དང་འབད་འབུངས་ཡར་བརྩོན་བྱེད་པའི་ལོ་ཞིག་ཀྱང་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་རེ་སྒུག་དང་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས། སྐྱེ་ཁམས་སྲུང་སྐྱོང་དང་། ཐོན་ལས་རིམ་སྤོར། དམངས་འཚོ་ལེགས་གཏོང་བཅས་ལ་སྐུལ་འདེད་དེ་བས་ཤུགས་ཆེན་བཏང་སྟེ། འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཀྱིས་ཡུལ་མི་སྤུན་ཟླར་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་རྒྱུ་ཡིན། རྫོང་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་གཅིག་མཐུན་དང་ངར་ཤུགས་གཅིག་ཏུ་སྒྲིལ་ཚེ། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཐུན་མོང་ཕྱུག་འགྱུར་གི་རེ་བས་ཁེངས་པའི་མ་འོངས་པ་གཏོད་ཐུབ་རྒྱུའི་ཡིད་ཆེས་ང་ཚོར་བརྟན་པོ་ཡོད།
བོད་ཀྱི་ལོ་གསར་ནི་བཀྲ་ཤིས་སྨོན་ཚིག་སྒྲོན་རྒྱུ་དང་མ་འོངས་ལ་རེ་སྒུག་བྱེད་པའི་དུས་སྐབས་བཟང་པོ་ཞིག་ཡིན་པས། ང་ཚོས་མཉམ་དུ་ཆར་ཆུ་དུས་སུ་འབབ་པ་དང་ལོ་ལེགས་ལ་འབྲས་བཟང་སྨིན་པ། རྒན་རྒོན་སྐུ་ཚེ་རིང་བ། བྱིས་པ་བློ་རིག་རྒྱས་པ། ན་གཞོན་བྱ་བ་ལམ་ལྷོངས། ཁྱིམ་ཚང་བདེ་སྐྱིད་ལྡན་པ་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། ང་ཚོའི་གཅེས་པར་འོས་པའི་སོག་རྫོང་འདི་ཉིད་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་སླར་ཡང་འོད་སྟོང་འཕྲོ་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།
རྫོང་ཡོངས་ཀྱི་མི་དམངས་ཡོངས་བོད་ཀྱི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས།